课程简介

གྲུབ་པ་ལུས་ཀྱི་སློབ་ཚན་ངོ་སྤྲོད།

གྲུབ་པ་ལུས་ཅེས་པའི་སློབ་ཚན་འདི་ནི་བོད་ལུགས་གསོ་རིག་ལས་རྨང་གཞིའི་གཞུང་ལུགས་གཙོ་བོ་ཞིག་ཡིན་ཏེ།  དེ་ཡང་གང་ཞིག་བཤད་པའི་རྒྱུད་མི་ཤེས་པ་དེས་ནི་ལས་ཀྱི་མཚན་ཉིད་མི་ཤེས་སོ།།  ལུས་ཀྱི་མཚན་ཉིད་མི་ཤེས་པ་དེས་ནི་ནད་ཀྱི་རང་བཞིན་མི་ཤེས་སོ།།  ནད་ཀྱི་རང་བཞིན་མི་ཤེས་པ་དེས་ནི་སྨན་དཔྱད་ཟས་སྤྱོད་ཀྱི་ཚུལ་མི་ཤེས་སོ།།  སྨན་དཔྱད་ཟས་སྤྱོད་ཀྱི་ཚུལ་མི་ཤེས་པ་དེས་ནི་གསོ་བ་རིག་པ་ཕྱོགས་ཙམ་ཡང་མི་ཤེས་པ་ཡིན་ནོ།། དེས་ན་གསོ་བ་རིག་པ་མི་ཤེས་པ་དེས་གསོ་ཐབས་ཀྱི་ལག་ལེན་ཇི་ལྟར་ཤེས།  དཔེར་ན་མིག་གི་དབང་པོ་མེད་པར་གཟུགས་ཀྱི་ལྟད་མོ་མཐོང་བར་འདོད་པ་བཞིན་མུན་པའི་གནས་སུ་རྣམ་པར་འཁྱམ་པ་ཡིན་ནོ།།  རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ཐོག་མ་ཉིད་ནས་རྩ་བའི་རྒྱུད་དང་།  བཤད་པའི་རྒྱུད་འདི་ཁོ་ན་ལ་ཡང་དག་པར་སྦྱངས་ནས། གནས་བཅུ་གཅིག་པོའི་དོན་ཐམས་ཅད་ཁོང་དུ་ཆུད་པའི་ཚེ་མན་ངག་རྒྱུད་དང་ཕྱི་མ་རྒྱུད་སོགས་ལའང་འཇུག་པར་བྱ་ཞིང་།  རིམ་པས་ལག་ལེན་རྣམས་གཞུང་ཚིག་ཇི་ལྟར་བ་བཞིན་དུ་ཉམས་སུ་ལེན་དགོས་པ་ཡིན་ནོ།། ཞེས་དང་།  ཡང་དེ་ལས།  དེའང་རྩ་བ་དང་པོར་རྩ་བ་མདོའི་གནས་ཐོག་མར་འབྱུང་བའི་རྒྱུ་མཙན་ནི།  གནས་གཞན་རྣམས་འདི་ལ་བརྟེན་ནས་བསྐྱེད་པ་ཡིན་པའི་ཕྱིར།  དང་པོར་བཞག་ནས་དེའི་རྗེས་སུ་ལུས་ཀྱི་ཆགས་ཚུལ་དང་འདྲ་དཔེ་དང་གནས་ལུགས་དང་མཚན་ཉིད་དང་ལས་དང་འཇིག་ལྟས་རྣམས་རིམ་པ་བཞིན་དུ་སྟོན་པས་གྲུབ་པ་ལུས་གནས་མ་བཤད་ན་ནད་འཇུག་པའི་གཞི་དང་སྨན་དཔྱད་བྱ་བའི་ཡུལ་ངོ་མི་ཤེས་པས་གྲུབ་པ་ལུས་ཀྱི་གནས་དང་པོར་བཤད།  ཅེས་དང་།  གསེར་མཆན་རྣམ་བཀྲ་གན་མཛོད་ལས།   གྲུབ་པ་ལུས་གནས་མ་བཤད་ན་ནད་འཇུག་པའི་གཞི་དང་སྨན་དཔྱད་བྱ་བའི་ཡུལ་ངོ་མི་ཤེས་པས་དང་པོར་གྲུབ་པ་ལུས་གནས་བཤད། ཅེས་སོ།།  འདི་ནང་དུ་བཤད་པའི་རྒྱུད་ཀྱི་སྡོམ་ཚིག་དང་།  ལུས་འདི་ཉིད་ཐོག་མར་རྒྱུ་རྐྱེན་གང་དག་འཛོམས་པ་ལས་ཆགས།  དེ་ནས་བདུན་ཕྲག་སོ་བརྒྱད་ཀྱི་བར་དུ་ཇི་ལྟར་འཕེལ་ཚུལ།  རྫོགས་རྗེས་བཙའ་བའི་ཐབས།  ལུས་དེ་ཡི་དབྱིབས་དང་།  བྱེད་ལས།  གནད་ཆེ་ཆུང་གི་གོ་རིམ་བཅས་པ་གང་དང་འདྲ་བའི་དཔེ་དང་སྦྱར་ནས་ལུས་སྟོད་སྨད་ཕྱི་ནང་གི་ཆ་ཤས་རྣམས་ཀྱི་ནང་ནས་ལུས་དང་སྲོག་འཚོ་བར་བྱེད་པ་ལ་ཕན་གནོད་མཐུ་ཆེ་ཆུང་གི་དབྱེ་བ་དང་། གཉན་པའི་གནད་གཙོ་ཆེ་ཆུང་གི་བྱེ་བྲག་རྣམས་ཤེས་པར་བྱ་བའི་ཆེད་དུ་རྒྱལ་པོའི་ཕོ་བྲང་གི་དཔེ་དང་སྦྱར་ནས་བསྟན་པ།  ལུས་འདི་ཉིད་རྣམ་པར་མ་གྱུར་བའི་སྐབས་ཀྱི་ནད་ཟུངས་དྲི་མ་བཅས་ཀྱི་ལྡང་ཚད་།  ཕྱི་ཡུལ་ཐིག་གིས་ནང་དོན་སྣོད་ཀྱི་གནས་སྟངས་འཚོལ་ཐབས།  ཆགས་སྲིད་འབྲེལ་བ་ཚེ་ཡི་རྩ་དང་བཞིའི་གནས་སྟངས་དང་འབྲེལ་ཚུལ།  གཉན་པ་གནད་ཀྱི་ངོ་བོ་ངེས་ཚིག་དང་།  དེའི་གྲངས་དང་གནས་ཀྱི་ངོས་འཛིན།  གནད་རབ་འབྲིང་གི་ཁྱད་པར།  རྒྱུ་ལམ་བུ་གའི་གྲངས་དང་དབྱིབས་སོགས་ཀྱི་གནས་ལུགས།  གནོད་བྱ་ཁམས་དང་གནོད་བྱེད་ཉེས་པའི་མཚན་ཉིད་དང་ལས།  དབྱེ་བ་སོགས་དང་།  ལུས་ཉིད་ཀྱི་ལས་དང་དབྱེ་བ།  མཐར་ལུས་འདི་ཉིད་འཇིག་པའི་རིང་བའི་ལྟས་དང་།  ཉེ་བའི་ལྟས།  མ་ངེས་པའི་ལྟས།  ངེས་པའི་ལྟས་བཅས་གསལ་པོར་བསྟན་ཡོད་དོ།།

版权所有 Copyright(C)2016-2021 甘南藏族自治州卫生学校 陇ICP备16002830号-1

公安部备案:62300102000079   

地址:甘南藏族自治州合作市人民东街52号    电话:0931—8212947 邮编:747000